Saturday, April 20, 2013

གྲུ་ག་སྐྱ་བོ།


འདབ་ལོ་ཆུང་ཆུང་ལྔ་ཙམ་ལས་གྲུབ་པའི།
མེད་ཏོག་ཟིང་སྐྱའི་ཁྲ་ཚོམས་ཀྱིས་རྒྱན་པའི།
ལྗོན་པ་ཐར་ཐོར་དག་ནི་ད་དུང་སྨུག་ཧྲང་ཧྲང་།
སྨྲེ་ངག་ཁྲོད་ལུས་པར་སྣང་བའི་ཧྲག་ཧྲག་ཏུ་གདུང་བ་མང་དག་དབུས།
གདུང་གསོའམ་རེ་འདེགས་ཉིད་ལས་རང་རློམ་གྱིས་ངོམ་པར་མི་སྣང་།
རེ་བཏོད་དམིགས་བུའི་བྱམས་བརྩེ་ཉིད་དུ་སྣང་།

གཡོ་ལྡེམ་ལྡེམ་ནི་དགའ་བའི་བྲོར་སྣང་སྲིད་མོད།
དེ་ནི་གཟུགས་མེད་འུར་སྒྲ་ཅན་དེའི་བརྙས་བཅོས།
རྣོ་ངར་རེག་མཚོན་ཕོག་པའི་བཟོད་བྲལ་གྱི་གར་ཁོ་ན།
གཡོ་འགུལ་ལས་སད་ཚོར་རྣོན་པོ།  དེ་ལས་རང་འཚོའི་རྩོལ་བ།
དེས་ལོ་ཟླ་བསྟུད་པའི་གདུག་རྩུབ་བརྒྱུད་དོན་ཆེན་ཞིག་ཆེད།
འཚོ་ཐུབ་པར་གཞིགས་ན་རྩུབ་གཡོ་མེད་ན་འཚོ་རྩོལ་ཅི་མཁོ།

དེས་ན་ནར་ནུར་གྱི་བརྒྱུད་རིམ་རིང་མོ་གསོན་ཉམས་བྲལ་བ།
ཉམས་མྱོང་གི་བརྡར་ཤས་སྟོང་ན་བཅུད་ཉིང་ལེན་པའི་གོ་རྒྱའི་
མ་ཡུམ་མོ་ཤམ་བཞིན་ཁོ་ན།  སྲས་སུ་སྣང་ཡང་སྣང་རྗེན་མེར་མེར།
ཆེས་ལྷན་གཤིས་ལས་སྦྱོར་སླ་བའི་གུ་དོག་ཐེར་འཛིན་དང་།
ཕྱོགས་ལྷུང་གི་མུན་ཡོལ་ཉེ་བའི་གཏད་སར་འཁྲུལ་བའི་རིམ་གྲོས།
མ་ཡུམ་གྱི་བུ་སྣོད་སྐམ་པར་བྱེད་པ་ལས་དོན་ཆུང་དེ་གལ་ལམ།

No comments:

Post a Comment