Monday, October 17, 2011

མེ་ལྕེའི་གདུག་རྩུབ།


གཅེས་རྟེན་བཟང་དག་ཉིད་བརྩེ་མེད་མེ་ལྕེར་བརླགས་པར་གཅེས།
གདུང་འདི་ན་འཁྱམས་པོའི་ལ་རྒྱའི་རྣོ་སྐྱེན་ཚོར་བུ་གདུང་།
ཚོར་ཁྱེད་དག་ཐབས་བྲལ་བརྟུལ་ཞུགས་ལས་འཕོས་བདེན་དོན་ཚོར།
ཤུགས་གདུང་བའི་སྨྲེ་ངག་དང་འགྲོག་ཕངས་ཚོར་སྐྱབས་འཇུག་ཤུགས།
 
བདེན་བདེན་འདི་ཉིད་བདེན་བདེན་དེ་ནས་འདིར་འཕངས་རེ་མདངས་གསོན།
འོན་ཀྱང་བདེན་ངག་ལོག་འགྲེལ་སྐྱ་ཐིག་འདེབས་པའི་རྩོལ་བར་མཚར།
རེ་གསོན་སྐྱོང་བའི་གོང་བུའི་ནུས་མཆོག་ད་མཁོ་ན་ཡང་དབེན།
འཕྱ་སྨོད་མཁས་ཤིང་འཐེན་འཁྱེར་མྱོས་རྟགས་ད་དུང་ལྷག་པར་མཚར།
 
དེ་བས་འཛད་མེད་རེ་ཞགས་ནར་མར་རྗེས་ཆགས་འགུལ་མེད་མཚར།
འཚེ་མེད་འདི་ན་མགོ་སྨད་གདེང་བྲལ་ཇི་ལྟར་ཕས་ཚུལ་གཉེར།
འོན་ཏང་ནང་ཁུལ་སྟག་འགྲན་ངར་སྒྲས་དོན་གྱི་གོ་རྒྱ་འོན།
 
ད་ནི་རིག་སློབ་མཚོན་ཆ་ཐོགས་ཤིང་གོང་བུའི་ནུས་མཆོག་སྐྱེད།
 
ཉེ་རིང་བག་མེད་ཅི་ལྟར་ཕལ་གཤིས་ན་ཡང་འདི་ན་མིན།
 
འདིར་མཁོ་བ་ནི་སྐྱོར་རོགས།
འདིར་མཁོ་བ་ནི་ནུས་མཆོག
དེ་བཞིན་དོན་ལྡན་པའི་འཚོ་བ།
རིག་སྟོབས་ཀྱི་གོ་འཕང་རྒྱས།
རེ་གསོན་གྱི་འབེན་དུ་ཁེལ་བ།







Friday, September 30, 2011

ལ་རྒྱའི་བུར།

སེམས་གསོན་པོ་ཞིག་བར་བར།
ཏེ་ཐོལ་བྱུང་དུ་ལྡང་འགྲོས།
གང་གསོ་དལ་གྱི་བར་སེང་།
ཙམ་མིན་པར་སྣེ་རྒྱུན་འཛིན།

རེད་དལ་རྟེན་གྱི་སྙིང་པོ།
གཞན་རང་སྐལ་གྱི་རིག་སྟོབས།
ཅི་ཆུད་ཟོས་ལས་བརྡར་ཤའི།
རྣོ་རང་གཞན་གྱི་ལེགས་སྐྱེས།

སྒོས་མི་རིགས་འདིའི་ཆག་འཇིག
ཅི་ལ་རྒྱའི་བུ་ད་ནམ༌༌༌༌༌།
སྟོང་རྒྱན་ཚིག་གོ་ཡོམ་ཡོམ།
ལས་དོན་སྙིང་ནས་དཔྱིད་ཕྱིན།

ཕུགས་བྲག་ཆ་ཡི་རྗེས་འགྲོ
ལས་སྣེ་གཅིག་གི་རྩེ་དགར།
འཇུག་དོན་འབྲས་ཀྱི་འཚོ་སྙིང་།
དེ་ལ་རྒྱའི་སྲོག་མིན་ནམ༌༌༌༌༌།

དེ་ལ་རྒྱའི་སྲོག་མིན་ནམ།

Thursday, September 29, 2011

འདི་ནི་ངའི་ཐོག་མའི་སེམས། ཁྱེད་ཉིད་ལ།

ལས་རླུང་ཞིག་གིས༌༌༌༌༌
འདི་ན་ཕྲད་ལ།
འདི་ནས་གྱེས།
ངས་ལས་འཕངས་ལ་ཇི་ལྟར་འཁང་།
འདི་ཉིད་དུ་གནས༌༌༌༌༌༌༌མཁྲེགས་འཛིན་ལ་དོན་ལྡན་པ་ངས་རྙེད།
ཅི་ཡ་མཚན་པ་ནི་སེམས་ཀྱི་ལ་རྒྱ་སྨུག་པོ།
དེས་དོགས་འཛེམས་དྲངས།
དེ་རང་གིས་ང་གཉིས་བར་ས་མཚམས་ཤིག་བསྐྲུན།
དེ་ལས་འཁྲིལ་མ་ཐུབ་པར་ལུས།
ཁ་ཡང་གྱེས།

གང་ལས་དྲན་གདུང་།
ཁྱོད་ལའང་ཡོད་པ་ངས་ཚོར།
ད་དུང་ངའི་རེ་མདངས་སྐྱ་བོ།
ཁྱོད་ཀྱི་དྲན་ངོས་སུ་རེག་གམ།

ལ་རྒྱ་སྨུག་པོ་དེའི་ཚུལ་འཆོས།
ཅི་འདྲའི་དགོད་བྲོ་བ་ལ།
རང་ས་འཛིན་ཁུལ་ཙམ།
འོན་ཀྱང་འཁྲུལ་མེད་ཀྱི་མཚན་མ་གཅིག་རང་།
འདྲེན་བྱེད་གཉིས་ཀྱི་ནང་།
སྦ་མི་ཤེས་པར།
ནང་གཏམ་གསལ་ལྷང་ལྷང་༌༌༌༌༌༌༌།

འདིར་འབྱོན་པ་ལེགས།


དྲ་ཐོག་ཟིན་བྲིས་འདི་བཞིན་ངས་གང་ནུས་གང་ཐུབ་ཀྱིས་རང་གི་ཕ་སྐད་ཁོ་ནའི་ཐོག་འབྲི་ཁུལ་བྱ་རྒྱུའི་འདུན་པ་ཞིག་བརྟས། དེ་ཡང་ཆེས་འགངས་གནད་དུ་གནས་པ་ནི་ཁྱེད་རྣམ་པའི་རྒྱབ་སྐྱོར་སྐུལ་ལྕག་ལགས་ན། དེ་བཞིན་གཟུ་བོ་བློའི་བརྩེ་མདངས་ལས་འཕོས་པའི་རམ་འདེགས་ལྷུག་གནང་བཀྲིན་ཆེ་བ་ཞུ།

རེད། རང་གི་ཟིན་བྲིས་གཞན་ཞིག་ཡོད་ཀྱང་དེར་ནི་ཕལ་ཆེར་དབྱིན་ཡིག་ཐོག་ཡིན་པ་ལས་རང་གི་ཕ་སྐད་ལ་བཅངས་པའི་འཁྲེན་སེམས་གསོན་པོ་ཞིག་ཡོད་སྐད་མངོན་ཙམ་ཚུན་ཆད་དགོས་པར་དམིགས་པ་ཡིན་ལགས། དེ་ཡང་སྐབས་རེས་འགྱངས་འགོར་འདྲ་བྱུང་ན་དགོངས་འགལ་མི་མངའ་བ་ཞུ།།