Saturday, April 20, 2013

ངོས་འཛིན།

ཕཱ་རན་སི་རྒྱལ་ས་པེ་རི་སི།

སེམས་པ་ཞིག་གིས་བསྐུལ་བའི་བཞུད་ལམ་སབ་སིབ།
རེ་མདངས་རྣོ་སྐྱེན་ཐལ་བས་རྒོད་པས་བརླགས་པའི།
དགུན་ངར་ཁྲོད་ལྷག་པའི་ལྕགས་ཀྱི་རེག་པ་བཞིན།
གྲང་འདར་འདར་གྱི་གཙོ་ཤེས་རང་འཁོར་གྱིས་བསླུས།

འདི་ན་ཆ་མི་འཚལ་བའི་ངོ་གདོང་གང་མང་རང་རིགས།
ཉེ་བའི་ཚོར་བ་ཞིག་དང་དེ་མུར་འབྲལ་དགོས་པ་ནི།
སྤྱི་འགྲོས་རྗེས་སྙེག་གི་ཚུལ་འཆོས་ལས་ངལ་དུབ་ལ་སྦྱོར།
ཕྱི་སྐད་དབ་དིབ་ལ་འཐམ་པའི་ངོ་གནོང་ཡང་ནང་ཁུལ།

ཡུལ་བྲལ་ས་མཐའ་བའི་ཚུགས་ཀའི་ཁྲོམ་རར།
ངོས་འཛིན་དང་རང་མཐོང་མངོན་རྩོད་གསེབ་ཏུ།
ཆེས་སྙིང་རྗེ་ཆེ་ཁུལ་གྱི་མིང་བྱང་ཞིག་རྙེད་མོད།
དེས་གང་བར་འཁྱོངས་ཡོང་ངམ།  ལ་རྒྱའི་བུ་ལགས།

ཕྱི་གླིང་གྲུ་ག་ག་གེ་མོ་ཞིག་ནས་བསླུས་བའི་རྣམ་ཤེས་དེས།
ཆེས་མུན་ནག་གི་ཉིན་ནང་ཆེས་བཀྲ་བའི་རེ་བ་འཆང་།
དཔེ་ལ་སྐྱབས་བཅོལ་ནས་ད་གཟོད་ཉེ་བའི་མཐོང་བརྙན་དག
བསྟུད་མར་བསྐྱར་བལྟ་ཞིག་དང་ལྷན་དབུགས་ཤིག་ཕྱུང་།།

ཕྱི་ལོ་༢༠༡༣ཟླ་༠༤ཚེས་༡༩དགོང་མོར་ཨ་ཡོན་ཇི་ནས།

No comments:

Post a Comment